བཀའ་སློབ་གཞན།

ནང་པ་སངས་རྒྱས་པའི་ལྟ་གྲུབ་སྐོར།

དང་པོ་འདིར་དགོན་པའི་མཁན་པོས་གཙོས་པའི་རབ་ཏུ་བྱུང་བ་རྣམ་པ་དང༌། གཞན་དག་འདིར་ཕེབས་པ་ཚང་མ་ལ་ངས་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད།

ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་བསྡུས་པ་ཡིན་ན་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་གཉིས་ཀྱི་ནང་དུ་འདུས་པ་རེད། དེ་ཡང་སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་གསུངས་པས་རྒྱ་ཆེ་བའི་ལམ་གྱི་རིམ་པ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ཀྱང་ཟབ་མོའི་ལམ་གྱི་རིམ་པ་ཟབ་མོ་སྟོང་པ་ཉིད་རྟོགས་པའི་ཆེད་དུ་གསུངས་པ་ཤ་སྟག་རེད། ཟབ་མོ་སྟོང་པ་ཉིད་དེ་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་གང་ཡིན་ཞེ་ན། འཁོར་བའི་སྡུག་བསྔལ་གྱི་རྩ་བ་བདག་འཛིན་མ་རིག་པ་ལ་ཐུག་པ་དང༌། བདག་འཛིན་མ་རིག་པ་འཇོམས་བྱེད་ཀྱི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་བམ་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན་པས་འཁོར་བ་ལས་གྲོལ་བ་ལ་འཁོར་བའི་རྩ་བ་སྤང་དགོས་པ་ཡིན། དེ་སྤོང་བྱེད་ཀྱི་ལམ་ཟབ་མོའི་ལམ་གྱི་རིམ་པ་ཡིན་པས་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་གལ་ཆེན་པོ་ཡིན་གསུངས་པ་རེད།

བཅོམ་ལྡན་འདས་ཀྱིས་གདུལ་བྱའི་བློ་ཡི་ནུས་པ་ཆེ་ཆུང་དང་འཚམས་པའི་གྲུབ་མཐའ་བཞིར་གསུངས་པ་རེད། གྲུབ་མཐའ་བཞི་གསུངས་དགོས་པ་དེ་དབང་པོ་རྣོ་རྟུལ་དེ་འདྲའི་ཆ་ནས་ལམ་མི་འདྲ་བར་བགྲོད་ཚུལ་གསུངས་པ་དང༌། དེ་ཐམས་ཅད་ཀྱང་འཁོར་བ་ལས་གྲོལ་བའི་ཆེད་དུ་གསུངས་པ། འཁོར་བའི་རྩ་བ་སྤོང་བྱེད་ཀྱི་ཐབས་སུ་གསུངས་པ་ཤ་སྟག་ཡིན། བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ཀྱི་སྐབས་ལ་འཁོར་བའི་རྩ་བ་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པར་འཛིན་པའི་འཛིན་པ་དེ་བསྟན་ནས། དེའི་གཉེན་པོ་ལ་ཡང་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་མ་གྲུབ་པར་རྟོགས་པའི་བདག་མེད་རྟོགས་པའི་ཤེས་རབ་དེ་གསུངས་པ་རེད། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་མ་གྲུབ་པའི་བདག་མེད་རྟོགས་པའི་ལྟ་བ་ཞེས་པ་དེ་གྲུབ་མཐའ་བཞི་ཀས་ཁས་ལེན་པའི་སྟེང་དུ་སེམས་ཙམ་པའི་སྐབས་ལ་གཟུང་འཛིན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་རྟོགས་པའི་ལྟ་བ་ཞེས་པ་ཞིག་གསུངས་པ་རེད། དབུ་མ་པ་ལ་ཡང་ཐལ་འགྱུར་བ་དང་རང་རྒྱུད་པ་གཉིས་ཡོད། རང་རྒྱུད་པའི་སྐབས་ལ་སྤྱིར་ཆོས་ཐམས་ཅད་བདེན་པར་མ་གྲུབ་པ་ཡིན་ན་ཡང་ཡུལ་གྱི་རང་ངོས་ནས་སམ། བདག་གཞིའི་ངོས་ནས་ཚུར་གྲུབ་པ་ཞིག་དང༌། བློ་ཡི་དབང་གིས་ཕར་བཞག་པ་གཉིས་ཚོགས་ཀྱིས་ཚུལ་དུ་གྲུབ་པར་འདོད་ཀྱི་ཡོད། བློ་གནོད་མེད་ལ་གནང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་རང་གི་ངོས་ནས་གྲུབ་པར་འཛིན་པའི་བློ་དེ་འཁོར་བའི་རྩ་བ་ལ་བཞག །དེ་སྤོང་བྱེད་ཀྱི་གཉེན་པོ་བློ་གནོད་མེད་ཀྱིས་དབང་གིས་བཞག་པ་ལ་མ་བལྟོས་པར་ཡུལ་རང་ངོས་ནས་གྲུབ་པ་མེད་པར་རྟོགས་པའི་བློ་དེ། སྟོང་ཉིད་རྟོགས་པའི་བློ་ཞིག་བཞག་ནས་དེས་བདག་འཛིན་གྱི་གཉེན་པོ་བྱེད་པ་ཡིན། རང་རྒྱུད་པས་བདག་གཞིའི་ངོས་ནས་གྲུབ་པ་དང༌། ཕར་བཏགས་པ་གཉིས་ཚོགས་ཀྱིས་བཞག་པ་རེད། དེ་གྲུབ་མཐའ་འོག་མར་བལྟོས་ན་ད་ལྟའི་ལྟ་བ་དེ་མཆོག་ཏུ་གྱུར་པ་རེད། དབུ་མ་ཐལ་འགྱུར་བའི་སྐབས་ལ་བདག་གཞིའི་ངོས་ནས་ཚུལ་གྲུབ་པ་གཏན་ནས་མེད་པས་རང་ངོས་ནས་གྲུབ་པ་དང་ཕར་བཏགས་པ་གཉིས་ཚོགས་མེད། རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་པས། ཕར་བཏགས་པ་ཙམ་ཡིན་པར་གསུངས། དེ་འདྲའི་ལྟ་བ་དེ་བློ་མ་སྦྱངས་པའི་གང་ཟག་གིས་བློ་ཡུལ་དུ་ཆུབ་ཁག་པོ་རེད། དེར་བརྟེན་བློ་མ་བྱང་བ་ལ་སྟོང་པ་ཉིད་བསྟན་དུ་མི་རུང་ཞེས་བྱང་ཆུབ་སེམས་དཔའི་བསླབ་བྱའི་ནང་དུ་ཡོད། དེ་ལྟ་བུའི་ཐལ་འགྱུར་བའི་ལྟ་བ་དེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་མཐར་ཐུག་པ་དང་ལྟ་བ་མཐར་ཐུག་པ་དེ་ཡིན། དེ་སྟོན་པའི་སྣོད་དུ་གདུལ་བྱ་གང་འདྲ་ཞིག་དགོས་ཤེ་ན། དབུ་མར་འཇུག་པ་ལས། སོ་སོའི་སྐྱེ་བོའི་དུས་ན་སྟོང་པ་ཉིད་ཐོས་ནས། །ནང་ནས་རབ་ཏུ་དགའ་བ་ཡང་ནས་ཡང་དུ་བྱུང༌། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང༌། །ལུས་ཀྱི་བ་སྤུ་ལྡང་བར་གྱུར་པ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །དེ་ལ་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ། །ཞེས་རང་བཞིན་གྱིས་སྟོང་པའི་སྟོང་ཉིད་ཅེས་ཐོས་པའི་སྐབས་སུ་སེམས་ལ་དགའ་བ་སྐྱེས། དགའ་བ་དེའི་དབང་གིས་མིག་ནས་མཆི་མ་ཤོར་བ། ལུས་ཀྱི་བ་སྤུ་ལྡང་བ། དེ་འདྲའི་རྟགས་ཁྱད་པར་ཅན་ཡོང་གི་འདུག་ན་དེ་ལ་ཟབ་མོ་སྟོན་པའི་སྣོད་དུ་རུང་བ་ཡིན་པར་གསུངས། དེ་ལ་སྟོང་པ་ཉིད་བསྟན་དགོས་པས། ཐོག་མར་བདེན་འཛིན་མ་རིག་པ་ཞེས་པ་དེའི་འཛིན་ཚུལ་དེ་ངོས་བཟུང་དགོས། དེའི་འཛིན་ཚུལ་ངོས་ཟིན་པ་ཡིན་ན། དེས་འཛིན་པ་ལྟར་མ་གྲུབ་པའི་བདེན་མེད་ཅེས་པ་དེ་ངོས་འཛིན་ཐུབ། ཐོག་མར་བདེན་གྲུབ་ཟེར་བ་དེ་གང་འདྲ་ཞིག་ལ་འཇོག་དགོས། བདེན་འཛིན་མ་རིག་པས་འཛིན་པ་ལྟར་གྲུབ་པ་དེ་ལ་བདེན་གྲུབ་དང༌། དེ་འགོག་དགོས་པས་བདེན་པར་གྲུབ་པའི་གྲུབ་ཚད་ངེས་རྒྱུ་དེ་གལ་ཆེན་པོ་རེད། དེ་ལྟར་ཡང་སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡིས་དངོས་མེད་འཛིན་མ་ཡིན། །ཞེས་པ་དེ་ཡིས་བདེན་གྲུབ་ཏུ་འཛིན་པའི་བདེན་འཛིན་གྱིས་གཟུང་བ་ལྟར་གྲུབ་པ་དེ་གང་འདྲ་ཞིག་ལ་འཇོག་དགོས་པ་ངོས་མ་ཟིན་པར། དེ་ལྟར་མ་གྲུབ་པ་དེ་རྟོགས་ཐུབ་ཀྱི་མེད་ཅེས་གསུངས། རྟོག་པས་ཕར་བཏགས་པ་ཙམ་མ་ཡིན་པར་ཡུལ་ཁོ་རང་ངོས་ནས་ཚུགས་ཐུབ་ཏུ་གྲུབ་པར་འཛིན་པའི་བློ་དེ་ལ་བདེན་འཛིན་ཟེར། དེས་གཟུང་བ་ལྟར་གྲུབ་པ་ཞེས་རྟོག་པས་ཕར་བཏགས་པ་ཙམ་མ་ཡིན་པར་ཡུལ་རང་ངོས་ནས་གྲུབ་པ་དེ་ལ་འཛིན་ཚད་དམ་བདེན་པར་གྲུབ་ཚད་དུ་འཇོགས། ང་རང་ཚོ་ཐོག་མ་མེད་པ་ནས་བདེན་འཛིན་མ་རིག་པའི་དབང་དུ་གྱུར། དེའི་དབང་གིས་ཡུལ་གང་དང་གང་སྣང་བ་དེ་ཐམས་ཅད་ཀྱང་བློ་ཡིས་ཕར་བཏགས་པ་ཙམ་མ་ཡིན་པར་ཁོ་རང་གི་ངོས་ནས་གྲུབ་པར་སྣང་བ་ཡིན་ཡང་དེ་ལྟར་གྲུབ་པ་མེད་ཅེས་པས། ཐོག་མར་མ་བདེ་བ་ལྟ་བུ་ཡོད་ཀྱང༌། ཕར་བློ་ཡི་དབང་གིས་བཞག་པ་མ་ཡིན་པར་ཡུལ་ཁོ་རང་གི་ངོས་ནས་གྲུབ་པ་ཟེར་བ་དེ་ངོས་འཛིན་དགོས་པ་ཡིན། དེ་ངོས་ཟིན་པ་ལ་སྔོན་དུ་ཆོས་རྣམས་བློ་ཡི་དབང་གིས་ཕར་བཞག་ཚུལ་དེ་ཧ་གོ་བ་ཡིན་ན། བློ་ཡི་དབང་གིས་བཞག་པ་མ་ཡིན་པར་གྲུབ་པ་ཞེས་པ་ཞིག་བདེ་བླག་ཏུ་བློ་ངོར་འཆར་ཐུབ། དེར་བརྟེན་ཐོག་མར་བློ་ཡི་དབང་གིས་བཞག་ཚུལ་དེ་ཤེས་དགོས་པར་བཅོམ་ལྡན་འདས་ཀྱིས་མདོ་ལས། སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་ཕྱེ་ཞིང༌། །གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ། །འདི་ན་དེ་ལ་བྱེད་པོ་འགའ་མེད་པས། །དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། །རྟོག་པའི་དབང་གིས་འཇིག་རྟེན་རྣམས་བཏགས་ཏེ། །ཞེས་མཐོ་རིས་ཀྱི་འཇིག་རྟེན་མཐོང་བ་ཙམ་གྱིས་ཡིད་ལ་དགའ་བ་སྐྱེ་ཐུབ་མཁན། མེ་ཏོག་རྣམ་པ་སྣ་ཚོགས་ཡོད་པ། གསེར་གྱི་ཁང་མཆོག་ཅེས་པས་ཁང་པ་ཡིད་ཏུ་འོང་བ་དེ་འདྲའི་མཐོ་རིས་ཀྱི་ཡོན་ཏན་དེ་ཐམས་ཅད་ཀྱང་། རྟོག་པའི་དབང་གིས་ཕར་བཞག་ཙམ་ཡིན་པ་མ་གཏོགས། དེ་ལ་བྱེད་པ་པོ་གཞན་མེད་པར་གསུངས། བྱེད་པ་པོ་གཞན་མེད་པར་གསུངས་པས། དེ་དག་ཐམས་ཅད་ལས་དབང་གིས་བྱུང་བ་དང༌། ལས་ལས་གཞན་པའི་དབང་ཕྱུག་གིས་བྱས་པ་ལྟ་བུའི་བྱེད་པོ་གཞན་མེད། དེ་ཐམས་ཅད་ཀྱང་རྟོག་པའི་དབང་གིས་ཕར་བཞག་པ་ཙམ་ཡིན། དེ་ཙམ་མ་ཟད་སྣོད་བཅུད་འཇིག་རྟེན་ཐམས་ཅད་ཀྱང་རྟོག་པའི་དབང་གིས་ཕར་བཞག་ཙམ་དུ་གསུངས་སོ། །

རྩོམ་སྒྲིག་པའི་ལས་གཞི་ངོ་སྤྲོད།

རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་གྱུར་པ་གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན། གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག རྒྱས་པར་གཟིགས་་་

དྲ་འབྲེལ་བྱེད་སྒོ་ཁག་དང་བདག་དབང་སྐོར།

ཉེར་གཅིག་བརྡ་འཕྲིན་གསར་པའི་དུས་རབས་འདིར་སྐུ་ཉིད་ཀྱི་ཐུགས་འདོད་ལྟར་གཞུང་ཆེན་ཁག་གི་བཀའ་ཁྲིད་ཀྱི་གསུང་འཁོར་དང་། ལྗགས་རྩོམ་གྱི་དཔེ་དེབ་ཁག །ལྗགས་རྩོམ་གྱི་འདོན་ཆོག་ཁག །དབང་ལུང་མན་ངག་གི་གདམས་ངག་ཟབ་མོའི་སྒྲ་བརྙན་ རྒྱས་པར་གཟིགས་་་

འབྲེལ་གཏུགས།  |  ང་ཚོའི་སྐོར།  |  གསར་བཤད།

Choden Rinpoche Labrang, House No 4,
Lhopa Khangtseen, Sera Jey Monastery,
P.O. Byalkuppe-571104, Dist Mysore (K.S),

Mobile:   +91 - 9686738811 & +91 - 9880388806
Email:   h.e.chodenrinpoche@gmail.com