བླང་དོར་ལམ་སྟོན།

སློབ་གཉེར་བྱེད་ཕྱོགས་དང་འབྲེལ་བའི་གལ་ཆེའི་བཀའ་སློབ།

སེར་བྱེས་སེར་ལྷོ་ཁང་ཚན་དུ་༧གནས་ལྔ་རིགས་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེར་བརྟན་བཞུགས་ཕུལ་བའི་སྐབས་སུ་གནང་བའི་སློབ་གཉེར་བྱེད་ཕྱོགས་དང་། དོལ་རྒྱལ་སྤང་བླང་བྱེད་ཕྱོགས་སྐོར་གྱི་བཀའ་སློབ་བཅས་ཡོད།

དེ་རིང་ཁང་ཚན་དང་བླ་བྲང་ཟུང་གིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་གནང་བ་རེད། མཁན་རིན་པོ་ཆེས་གཙོས་པའི་དགེ་བཤེས་མང་པོ་ཕེབས་འདུག །ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ནམ་རྒྱུན་བླ་མཆོད་དང་འབྲེལ་བའི་བརྟན་བཞུགས་དེ་ཚོ་རང་དབང་ཡོད་མཁན་གྱི་བླ་མ་དེ་འདྲ་ལ་འབུལ་རྒྱུ་རེད། ད་རེའི་བརྟན་བཞུགས་འདི་ང་ཚོའི་བཟོ་འདྲ་བོ་ལ་འཆི་བ་བསླུ་བའི་ཐབས་མཆོག་ཏུ་གྱུར་པ་དགེ་འདུན་དམངས་ཀྱི་ཐུགས་སྨོན་དང་ཆོ་གའི་བྱིན་རླབས་བཅས་ཀྱི་མཐུ་ལ་བརྟེན་ནས་ཚེ་ལ་ཕན་པ་ཡོང་གི་ཡོད་པར་བརྟེན་ཐུགས་སྨོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

བསླབ་པ་སློབ་གཉེར་སྐོར་ལ་ཏོག་ཙམ་ཞུས་པ་ཡིན་ན། བསླབ་པ་སློབ་གཉེར་གནང་རྒྱུ་དེ་ཡང་གཙོ་བོ་ཀུན་སློང་རྣམ་དག་ཅིག་དགོས་པ་རེད། ཀུན་སློང་རྣམ་དག་བྱང་ཆུབ་སེམས་ཀྱིས་ཟིན་པ་ཞིག་བྱུང་ན་སངས་རྒྱས་ཀྱི་རྒྱུར་འགྱུར་བས་ཉམས་ལེན་དེ་ལས་ལྷག་པ་མེད། སྔར་བཀའ་གདམས་པའི་སྐབས་སུ་ཡང༌། བཀའ་གདམས་གཞུང་པ་བ་དང༌། བཀའ་གདམས་མན་ངག་པ། བཀའ་གདམས་ལམ་རིམ་པ་བཅས་བྱུང་བ་རེད། གྲྭ་སའི་དཔེ་ཆ་སློབ་གཉེར་བ་རྣམས་བཀའ་གདམས་གཞུང་པ་བ་དང་མཚུངས་པར་ཡིན་ཞེས་གསུངས་སྲོལ་ཡོད། ལམ་རིམ་ཉམས་སུ་ལེན་མཁན་གྱི་ནང་ནས་མཆོག་ཏུ་གྱུར་པ་དེ་བཀའ་གདམས་གཞུང་པ་བ་རེད། སློབ་གཉེར་གནང་སྐབས་ཀུན་སློང་ཡག་པོ་ཞིག་གི་ཐོག་ནས་གནང་བ་ཡིན་ན། ལམ་དངོས་སུ་སྐྱེ་མ་ཐུབ་ན་ཡང་གོ་བ་ལེན་རྒྱུ་དང༌། ཡེ་ཤེས་ཆོས་སྐུའི་རྒྱུར་འགྲོ་བ་ཡིན། ཡེ་ཤེས་ཆོས་སྐུ་ཞེས་པ་དེ་ཡང་ཤེས་བྱ་རེ་རེར་ནས་ཤེས་པར་བྱེད་ནས་རིམ་གྱིས་ཆོས་ཐམས་ཅད་མངོན་གསུམ་དུ་མཁྱེན་པའི་མཁྱེན་པ་འཐོབ་དགོས་པ་ཡིན་དུས།

ཡེ་ཤེས་ཆོས་སྐུའི་ཉེར་ལེན་གྱི་རྒྱུ་མཆོག་ཏུ་གྱུར་པ་ཡང་དཔེ་ཆ་བལྟ་བ་དེ་རེད། ང་རང་གི་དགེ་རྒན་མཁས་ཟུར་རིན་པོ་ཆེ་བློ་བཟང་དབང་ཕྱུག་ལ་གིས་ང་ལ་འདི་ལྟར་གསུངས་སོང་། དབང་ཞུ་རུ་འགྲོ་གི་ཡིན་ཞུས་པའི་སྐབས་ལ། དེས་གང་ཕན་གྱི་རེད། ཐོབ་ཐོབ་ཟེར་བ་ཞིག་ཡོང་གི་ཡོད་པ་ལས་གཞན་གང་ཡང་མེད། དེ་ལས་དཔེ་ཆ་བལྟས་པ་ཡིན་ན། ཡེ་ཤེས་ཆོས་སྐུའི་ཉེར་ལེན་ཉིན་མ་རེ་རེར་བཞིན་དུ་འཐོབ་ཀྱི་རེད། དཔེ་ཆ་བལྟ་དགོས་པ་རེད་ཅེས་དེ་ལྟར་གསུངས་མྱོང་ཡོད། དེ་འདྲ་ཡིན་དུས་སློབ་གཉེར་བ་ཚོས་དཔེ་ཆ་བལྟ་རྒྱུ་དེ་ལ་དོ་སྣང་གནང་ནས་དཔེ་ཆ་ཡག་པོ་བལྟ་དགོས་པ་རེད། དཔེ་ཆ་ཡག་པོ་ཞིག་མ་བལྟས་པ་ཡིན་ན། དེང་གི་སྐབས་སུ་དེ་ལྟ་བུའི་ཀུན་སློང་མེད་པའི་ཐོག་ནས་ཁ་ཙམ་གྱིས་དཔེ་ཆ་བལྟས་པ་ཡིན་ན་སེམས་རྒྱུད་འདུལ་ཐབས་སུ་མ་སོང་བར་དཔེ་ཆ་ཡག་པོ་ཤེས་མཁན། རྒྱུན་དུ་ཉམས་ལེན་ལེགས་པོ་ཡོད་འདོག་འདོག་བྱེད་མཁན་དེ་འདྲའི་རིགས་རྣམས་ཕྱི་རྒྱལ་ལ་ཐོན་འགྲོ་མཁན། དལ་འབྱོར་གྱི་རྟེན་འཛོམས་པ་དེ་ཆུས་བཟོས་སུ་གཏོང༌བཞིན། སྔོན་མའི་དགེ་བ་བསགས་ནས་སྐྱེས་པའི་རྟེན་བཟང་དེ་རང་གིས་མར་གཤིགས་པ་རེད། ཐབས་སྡུག་པོ་ཞེ་དྲགས་རེད། དེ་འདྲ་ཡིན་དུས་ཕྱི་རྒྱལ་ལ་འགྲོ་རྒྱུ་དེ་ཡག་པོ་མ་རེད། དེ་ཚོས་བསམ་བློ་གཏོང་མ་ཤེས་པའི་རྟགས་རེད། རྒྱུད་ལ་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་འགྲོ་རྒྱུའི་རེ་བ་མེད་པར་པད་ཤག་གསོག་རྒྱུ་ཚེ་འདི་སྣང་ཙམ་གྱི་དབང་དུ་ཕྱིན་པ་རེད། ཕྱི་མ་ལ་སྡུག་བསྔལ་མྱོང་རྒྱུ་མ་གཏོགས་མེད། ཕྱི་རྒྱལ་ལ་འགྲོ་མཁན་པད་ཤག་མང་པོ་དང༌། རྫིག་པོ་འདྲ་བོ་མིའི་མཐོང་སྣང་ལ་མཐོང་ཆེན་པོ་བྱེད་ཀྱིན་འདུག །གྲྭ་ས་ལ་དཔེ་ཆ་ག་ཚོད་བལྟས་ནས་སྡད་པ་ཡིན་ན་མིས་མཐོང་ཆེན་པོ་བྱེད་ཀྱིན་མི་འདུག་ཅེས་ཁ་ཤས་དེ་འདྲ་ཟེར་མཁན་ཡོད་ཀྱང་། དེ་དག་ནོར་འཁྲུལ་རེད། དེ་ཡང་གུང་ཐང་རིན་པོ་ཆེས། གདོལ་སྤྱོད་ཁྱིམ་པའི་རྗེས་འཇུག་གཡོ་ཁྲམ་མཁན། །ཆོས་མིན་སྤྱོད་པའི་ཐན་སྙེ་མགོ་འཕངས་མཐོ། །ལྟོ་སྐྱ་གོས་ཧྲུལ་ཐོས་དང་ཚུལ་ཁྲིམས་ཀྱི། །བཅུད་ལྡན་སྙེ་མའི་མགོ་བོ་དམའ་ན་ཡང༌། །གཏན་གྱི་སྐྱིད་སྡུག་འདྲ་འདྲ་མིན་ནོ་ཨང༌། །ཞེས་དེ་ལྟར་གསུངས་པ་རེད། ལྟོ་སྐྱ་གོས་ཧྲུལ་བྱེད་ནས་དཔེ་ཆ་ཡག་པོ་བལྟ། སློབ་གཉེར་ཡག་པོ་བྱས་ནས་གྲྭ་སར་བཞུགས་པ་ཡིན་ན། དཔལ་འབྱོར་དེ་འདྲའི་ཆེན་པོ་མེད་པས་གནས་སྐབས་གཅིག་ལ་མིའི་མཐོང་ཚུལ་ཞན་པ་ཡོད་ན་ཡང་། ཚེ་ཕྱི་མར་བསམ་བློ་གཏོང་བ་ཡིན་ན་གཏན་གྱི་སྐྱིད་སྡུག་འདྲ་འདྲ་མིན་པར་གསུངས་པ་རེད། དེ་ཚོ་ཐུགས་ལ་འཇོག་དགོས་ཀྱིན་འདུག །དེང་སྐབས་ཕྱི་རྒྱལ་ལ་འགྲོ་མཁན་མང་པོ་ཞིག་ཡོང་གི་འདུག །དེ་དག་དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག་ཅེས་པའི་ཚིག་ཙམ་མ་གཏོགས་དོན་ལ་བསམ་བློ་རྩ་བ་ནས་མ་བཏང་བའི་རྟགས་རེད། དེ་ལྟ་བུ་བྱ་རྒྱུ་མེད། གཙོ་བོ་བསླབ་པ་སློབ་གཉེར་བྱོས། བསླབ་པ་སློབ་གཉེར་བྱེད་པ་ལ་སྒྲིག་ལམ་ཀུན་སྤྱོད་ཡག་པོ་ཁུར་དགོས། བཙུན་པ་སྒྲིག་འོག་ནས་གྲོལ་ཞེས་པ་ནམ་རྒྱུན་ཚོགས་གཏམ་གཞུང་ལ་ཡོད་པ་ནང་བཞིན་རེད། སེ་ར་བྱེས་པའི་ཚོགས་གཏམ་ཆེན་མོ་བྱང་ཆུབ་ལམ་རིམ་ཆེན་མོ་དང་ངོ་བོ་དབྱེར་མེད་ཡིན་ཞེས་གསུངས་སྲོལ་ཡོད། དེ་བཞིན་སྒྲིག་ལམ་ཡག་པོ་ཁུར་བ་ཡིན་ན་ལམ་རིམ་ཉམས་ལེན་བྱས་པ་དང་མཚུངས་པ་རེད། སྒྲིག་ལམ་ཡག་པོ་ཁུར་དགོས་པ་རེད། གཙོ་བོ་རང་ལ་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་བཤེས་གཉེན་བསྟེན་ཚུལ་ལ་རག་ལས་པ་ཡིན་གསུངས་པ་རེད། བཤེས་གཉེན་བསྟེན་ཚུལ་དེ་གལ་ཆེན་པོ་ཞེ་དྲགས་རེད། མིང་དེ་འདྲའི་ཆེན་པོ་མེད་ནའང་རང་ལ་བསྡུས་གྲྭ་བསླབ་པ་ནས་བཟུང་སྟེ་རང་ཉིད་ལ་སངས་རྒྱས་དངོས་ལས་ཀྱང་བཀའ་དྲིན་ཆེ་བ་ཡིན། དེ་འདྲ་ཡིན་དུས་བཤེས་གཉེན་བསྟེན་ཚུལ་ཕྱིན་ཅི་མ་ལོག་པ་ཞིག་བྱ་དགོས། དེ་ལྟར་ཡོང་བ་ལ་བཤེས་གཉེན་བསྟེན་པའི་ཕན་ཡོན། མ་བསྟེན་པ་དང་བསྟེན་ཚུལ་ལོག་པའི་ཉེས་དམིགས། དེ་ཚོ་སེམས་ལ་ངེས་པོ་བྱས་པ་ཡིན་ན་བཤེས་གཉེན་བསྟེན་ཚུལ་མ་ནོར་བ་ཡོང་ཐུབ། དེང་སྐབས་རང་སྣང་གང་དྲན་བྱེད་ནས་ཐོན་འགྲོ་མཁན་མང་པོ་ཞིག་ཡོད་པ་དེ་དག་བཤེས་གཉེན་བསྟེན་ཚུལ་ཡག་པོ་མེད་པའི་རྟགས་རེད། རང་གི་ནང་རྟགས་ཕྱི་ལ་བསྟན་པ་རེད། ཡག་རྟགས་རྩ་བ་ནས་མིན་པ་མ་ཟད་སྡུག་རྟགས་རེད། དེ་འདྲ་ཡིན་དུས་བཤེས་གཉེན་བསྟེན་ཚུལ་ཡག་པོ་བྱ་དགོས། སྒྲིག་སྒྲིག་ལམ་ཡག་པོ་ཁུར་དགོས། བསླབ་པ་སློབ་གཉེར་གང་རྒྱས་བྱེད་རོགས་གནང་ཞེས་ཞུ་རྒྱུ་ཡིན།

དོལ་རྒྱལ་སྤང་བླང་བྱེད་ཕྱོགས་སྐོར་གྱི་བཀའ་སློབ།

དེ་ནས་དམིགས་གསལ་ཞུ་རྒྱུ་ཞིག་ལ་ཡང་དོལ་རྒྱལ་གྱི་སྐོར་ལ་ཡིན། དེའི་ཕྱོགས་ལ་ཕྱི་ནང་གང་སར་སྒྲིག་འཛུགས་ཀྱི་བཟོ་ལྟ་བུ་མང་པོ་ཞིག་ཡོད་པ་དེ་དག་འགོག་པའི་ཆེད་དུ་ང་ཚོ་ཚང་མས་མཉམ་རོབ་ཀྱིས་ཚུལ་དུ་དགག་པ་རྒྱག་ཐུབ་ན་ཡག་པོ་ཡོད། རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ཡང་ཡིན། དེ་ཡང་ང་རང་ ༡༩༩༦ ལོར་གཟིམ་ཆུང་དུ་མཇལ་ཁ་བཅར་བའི་སྐབས་སུ་གསུངས་པར། དང་པོར་བླ་སློབ་ཀྱི་འདུ་ཤེས་དབང་དུ་བྱེད་ནས་ངས་ཟེར་གྱི་མེད། ཆོས་གྲོགས་ཀྱི་འདུ་ཤེས་བྱེད་ནས་ལབ་ཀྱིན་ཡོད། ཁྱོད་རང་དོལ་རྒྱལ་མཚམས་འཇོག་གནང་ན་ཡག་པོ་ཡོད་ཅེས་གསུངས་པ་རེད། སྔོན་མ་ ༡༩༨༥ ལོར་ཁྱོད་རང་བསྟེན་ན་འགྲིགས་ཀྱི་རེད་ཅེས་དམིགས་གསལ་གནང་བ་རེད། ཡིན་དུས་ངས་མངོན་ཆུང་གིས་ཚུལ་དུ་འཕྲིན་བཅོལ་གཏོང་ཆོག་པ་གྱིས། སྔོན་མར་དེ་ལྟར་གསུངས་སོང་ཞེས་ཞུས་པ་ཡིན། སྔོན་མའི་གནས་ཚུལ་དང་དེང་སང་གི་གནས་ཚུལ་འདྲ་གི་མི་འདུག །དེར་བརྟེན་མཚམས་འཇོག་བྱེད་ན་ཡག་པོ་ཡོད་ཅེས་གསུངས། དེ་ནས་ངས་མཚམས་འཇོག་བྱ་རྒྱུའི་ཁས་ལེན་ཞུས་པ་ཡིན། ཁས་ལེན་ཞུས་པའི་སྐབས་སུ་རྒྱལ་བ་རིན་པོ་ཆེས་ཐུགས་མཉེས་པོ་ཞེ་དྲགས་གནང་ནས་སློབ་མ་ཟེར་བ་དེ་འདྲ་ཞིག་དགོས་པ་རེད་གསུངས་ནས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་རྗེས་སུ་འཛིན་པའི་བཀའ་མོལ་དེ་ལྟ་བུ་ཡང་ཐོབ་སོང༌། དེ་ཙམ་དུ་མ་ཟད་རྒྱལ་བ་རིན་པོ་ཆེ་རང་གིས་ཀྱང་བཞེད་དོན་ཆེན་པོ་ཞིག་འགྲུབ་སོང་བསམ་པའི་དགོངས་བཞེས་དེ་འདྲ་བྱུང་སོང༌། དེ་ཡང་ནི། དེའི་སྐབས་སུ་ངའི་རོགས་པ་སྐུ་ཞབས་ཞབས་དྲུང་རིན་པོ་ཆེ་ཡོད། གཟིམ་ཆུང་ཞབས་ཕྱི་སྐུ་ཞབས་དཔལ་འབྱོར་ལགས་འདུག །དཔལ་འབྱོར་ལ་གཟིགས་གནང་ནས་དེ་རིང་ཡིན་ན་ངས་མགོ་དམར་པོ་འདི་བཀོག་ཐུབ་པ་རེད་ཅེས་ཞལ་ཤོབ་ཀྱིས་ཚུལ་དུ་དེ་ལྟར་གསུངས་སོང༌། རྒྱལ་བ་རིན་པོ་ཆེས་དེ་ལྟ་བུའི་བཀའ་དྲིན་ཆེན་པོ་གནང་བ་ཡིན་དུས་ང་རང་ཡང་དེ་དུས་སེམས་ཀྱི་ནང་དུ་ཚོར་བ་ཆེན་པོ་བྱུང་ནས་མཚམས་འཇོག་བྱས་པ་ཡིན། དེ་ནས་བཟུང་འཕྲིན་བཅོལ་ཚིག་གཅིག་ཀྱང་བཏང་མྱོང༌མེད། དེ་འདྲ་བྱས་ནས་མཚམས་བཞག་པ་ཡིན། ཡིན་ནའང་དེའི་སྐབས་ལ་ང་རང་རྡ་རམ་ས་ལ་ནས་སེ་ར་མར་ཐད་ཀར་ཡོང་མ་ཐུབ་པ་རེད། བློ་བཟང་ཤེས་རབ་ལ་མངགས་ནས་མར་བཏང༌། ཁང་ཚན་ལ་རྩོད་པ་རྒྱག་རེས་མེད་པའི་ཐོག་ནས་མཚམས་འཇོག་གནང་རོགས་ཞུས་པ་ཡིན། ཁང་ཚན་ནས་ཀྱང་དེ་བཞིན་མཚམས་འཇོག་གནང་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེའི་རྗེས་ལ་གྲྭ་ཚང་དུ་མནའ་སྐྱེལ་བྱས་པའི་སྐབས་སུ་དང་པོ་ལྷོ་པ་ཁང་ཚན་ཁེལ་བ་རེད། དེའི་སྐབས་སུ་ཡང་ཁང་ཚན་གྲྭ་མང་འཚོགས་ནས་ང་སྐད་ཆ་གཤོད་མཁན་ཤོག་ཟེར་ནས་སྐད་བཏང་བ་རེད། ངས་དེའི་སྐབས་ལ་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་བཞིན་དུ་སྒྲུབ་དགོས་པ་དང་། དེ་ལ་དགོངས་གཞི་དང་དགོས་པ་ཆེན་པོ་ཡོད་པ་དེ་ཚོ་བཤད། དེ་རིང་ཡང་གྲྭ་ཚང་གི་སྒྲིག་གཞི་ནང་བཞིན་ཁུར་ནས་ཤར་སྐྱོད་འགྲོ་ཐུབ་པ་གནང་དགོས་རེད་ཅེས་ཞུས་པ་ཡིན། དེ་བཞིན་དེའི་ཕྱི་ཉིན་ལབ་གླེང་རྩ་བ་ནས་མེད་པར་ཤར་སྐྱོད་ཕྱིན་པ་རེད། ལྷོ་པ་ཁང་ཚན་ལབ་གླེང་མེད་པར་ཕྱིན་པར་བརྟེན། ལམ་ཁ་དོད་པ་ལྟ་བུར་ཁང་ཚན་གཞན་དག་རྣམས་ཀྱིས་ཀྱང་དེ་བཞིན་བྱུང་བ་རེད། ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

དེ་ནས་ང་བོད་ལ་ཕྱིན་པ་རེད། བོད་ལ་ཕྱིན་ནས་གོང་དུ་རྒྱལ་བ་རིན་པོ་ཆེས་གཟིམ་ཆུང་ནང་ལ་བཀའ་སློབ་གང་གནང་བ་རེད་ཅེ་ན། ཁྱོད་འགྲོ་བའི་སྐབས་སུ་ཉན་པ་འདུག་བསམ་པ་འདུག་ན་དེ་ལ་ལབ་ཤོག་ཨ་གསུངས་པ་རེད། དེའི་བཀའ་སློབ་དེ་དངོས་གནས་གནད་འགག་ཆེན་པོ་ཞེ་དྲགས་རེད། མི་ཉན་མཁན་ཞིག་ལ་ལབ་པ་ཡིན་ན་རང་གཞན་གཉིས་ཀའི་རྒྱུད་འཁྲུག་པ་མ་གཏོགས་མི་འདུག །ཉན་མཁན་ཞིག་ལ་བཤད་པ་ཡིན་ན་ལམ་སང་ཁས་ལེན་བྱེད་ནས་མཚམས་འཇོག་བྱེད་ཀྱི་འདུག །བཀའ་སློབ་དེ་ནི་རིན་ཐང་བྲལ་བ་ཞིག་རེད། བཀའ་སློབ་གནང་བ་བཞིན་ང་རང་བོད་དུ་ཕྱིན་པའི་སྐབས་སུ་ཉན་པ་འདུག་སྙམ་པ་དེ་དག་ལ་ལབ་པ་ཡིན། དགོན་པ་ཁག་བཞིས་མཚམས་འཇོག་བྱས་པ་རེད། འབོང་ངུ་དགོན་པ་དང༌། ཆོས་གླིང་དགོན་པ། བན་དཀར་དགོན་པ། བྱམས་མདའ་དགོན་པ་བཅས་དགོན་པ་ཁག་བཞིས་མཚམས་འཇོག་བྱས་ཡོད། དེ་ལྟར་ཡིན་མིན་ས་གནས་ས་ཐོག་ཏུ་ཕེབས་ནས་རྩད་ཆོད་བྱེད་ན་འགྲིགས་པ་རེད། དེ་དག་ནས་གྲྭ་རྒྱུན་འདིར་ཡོད་ཀྱི་རེད། དེ་དག་ལ་སྐད་ཆ་དྲིས་ནའང་འགྲིགས་པ་རེད། ད་ལྟར་སྦྲ་སོག་འབྲི་གསུམ་གྱི་དྲ་རྒྱ་ཞེས་པ་ཞིག་གི་ནང་ལ་དགོན་པ་མཚམས་འཇོག་བྱེད་མཁན་བྱུང་མེད་ཅེས་བཤད་པ་དེ་དག་སྐྱག་རྫུན་བཤད་པ་རེད། སྐྱག་རྫུན་ཡིན་པ་དེ་ཡང་ང་ཚོར་མངོན་གསལ་ཆེ་ཤོས་གང་ཡོད་ཅེ་ན། སོག་རྫོང་གི་ནང་དུ་དགོན་པ་ཆེ་ཤོས་རབ་བརྟན་དགོན་དང་གདོང་རྫོང་དགོན་པ་གཉིས་རེད་ཅེས་བཤད་པ་རེད། རབ་བརྟན་དགོན་དགོན་པ་ཆེ་ཤོས་རེད། སོག་རྫོང་གི་ནང་དུ་དགོན་པ་ཆེ་ཤོས་ལོ་རྒྱུས་ཡོད་མཁན། གཞུང་གི་འཐོབ་ཁུངས་དགའ་ལྡན་རྣམ་གསུམ་ཞེས་པའི་དགོན་པ་ཆེན་པོ་གསུམ་ཡོད་པ་རེད། དེ་བཞིན་དགོན་པ་ཆུང་ཆུང་མང་པོ་ཡོད། དེའི་ནང་ནས་གདོང་རྫོང་དགོན་པ་ཞེས་པ་དེ་དགོན་པ་ཆེ་ཤོས་ཕར་ཞོག །ཆུང་བའི་ནང་ནས་ཆུང་ཤོས་ཤིག་རེད། ང་ཡར་ཡོང་ཁ་ལ་དགོན་པ་གསར་དུ་བཙུགས་པ་རེད། དེ་དུས་ལ་གྲྭ་པ་བཅོ་ལྔ་བཅུ་དྲུག་ལས་མེད། ད་ལྟར་སུམ་ཅུ་ཡས་མས་ཙམ་ཞིག་རེད། དེ་ལ་དགོན་པ་ཆེན་པོ་རེད་ཅེས་པ་དེ་མངོན་གསུམ་གྱིས་སྨྱོ་བ་རེད། ཕ་གིར་བོད་ཀྱི་གནས་ཚུལ་འདིར་བསྡད་མཁན་རྣམས་ཀྱིས་ཤེས་ཀྱི་མ་རེད། འདིར་གང་ལབ་ཀྱང་འགྲིགས་ཀྱི་རེད་བསམ་ནས་དེ་ལྟ་བུ་ལབ་པ་རེད། དེང་སང་དེ་ལྟར་མ་རེད། འཛམ་བུ་གླིང་ཐམས་ཅད་ཆུང་ཆུང་དང༌། འཛམ་བུ་གླིང་དུ་གང་བྱེད་ཀྱིན་ཡོད་པ་ཚང་མས་ཤེས་ཀྱི་ཡོད། ལབ་མཁན་ཁོ་རང་མ་ལན་འགྱོད་ཡ་ཞིག་རེད་མ་གཏོགས་ང་གནད་འགག་གང་ཡང་མེད། གདོང་རྫོང་དགོན་པ་ཞེས་པ་དེ་ང་རང་སྐྱེ་སའི་ས་ཆའི་འཁྲིས་སུ་ཡོད། དེར་ཕྱིན་ནས་དགོན་པའི་སློབ་དཔོན་དང༌། འགན་ཁུར་མཁན་ང་རང་གི་སྤུན་མཆེད་བཀྲ་ཤིས་བདེ་ལེགས་ཟེར་བ་ཁོང་གཉིས་རེད། ཁོང་གཉིས་ལ་མཚམས་འཇོག་བྱ་དགོས་པའི་རྒྱུ་མཚན་ཕར་བཤད་དུས་བཀྲ་ཤིས་བདེ་ལེགས་ཀྱིས་ཚུལ་རྩོད་པ་རྒྱབ་ནས་སྤུན་མཆེད་སོང་ཙང་མང་པོ་ཞིག་བཤད་ཡོང་གིན་འདུག །སློབ་དཔོན་དེས་ཀྱང་མཚམས་འཇོག་དགོས་པར་ཁས་ལེན་གྱི་མི་འདུག །དེ་ནས་ང་རང་ཡང་ཐབས་ཟད་ནས་དེ་འདྲ་ཡིན་ན་ཟན་རིལ་སྒྲིལ་དགོས། ཟན་རིལ་གང་བབས་པ་དེ་ལྟར་བྱོས་ཅེས་ལབ་དུས་སློབ་དཔོན་དེས་ཁས་ལེན་བྱས་སོང༌། འོན་ཀྱང་བཀྲ་ཤིས་བདེ་ལེགས་ཀྱིས་ཁས་ལེན་མ་བྱས་པ་རེད། དེ་ལྟར་ངས་ལབ་ཡོད་མེད་དང༌། བཀྲ་ཤིས་བདེ་ལེགས་ཀྱིས་ཇི་ལྟར་ལབ་ཡོད་མེད་དེ་ཚོ་སློབ་དཔོན་ཐུབ་བསྟན་རྣམ་རྒྱལ་ཞུ་བ་དེ་ད་ལྟ་བཞུགས་ཡོད། དེ་ལ་བཀའ་འདྲི་ཞུས་ན་མཁྱེན་གྱི་རེད། དེའི་སྐབས་ལ་སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་དེ་དྲན་བྱུང༌། ཉན་མཁན་འདུག་ན་གསུངས་པ་དེ་དང༌། མི་ཉན་མཁན་ལ་ལས་འབྲེལ་དེ་མ་གཏོགས་ཡོང་བ་མི་འདུག་སྙམ་བྱུང་། དེ་ནས་རབ་བརྟན་དགོན་པ་ཞེས་པ་དེ་ང་རང་གི་དགོན་པ་རེད། དགོན་པའི་སྒྲིག་ལ་ཞུགས་ནས་སྒྲིག་ལ་ཡོད་ཙམ་མ་གཏོགས་དགོན་པའི་ནང་གི་དབང་ཆ་གཅིག་ཀྱང་མེད། ཁ་ཤས་ཀྱིས་དགོན་པའི་བདག་པོ་རེད་ཅེས་པ་ལྟ་བུ། གང་བྱས་ན་འགྲིག་པ་ལྟ་བུ་དེ་འདྲའི་བཤད་མཁན་ཡོད་པ་རེད། དེ་ཚོ་ཐམས་ཅད་མི་བདེན་པའི་སྐད་ཆ་ཤ་སྟག་བཤད་པ་རེད། དེ་དུས་དགོན་པའི་ལས་དཀའ་བྱེད་མཁན་བླ་རྒན་ཕལ་ཆེར་ཉི་ཤུ་མ་ཟིན་ཙམ་ཞིག་འདུག །དེ་དག་གིས་དགོན་པ་ཉམས་གསོ་བྱེད་ཕྱོགས་དང༌། དགོན་པའི་བྱེད་སྒོ་དེ་ཚོ་ང་ཚོར་ཕན་ཚུན་སྐད་ཆ་བཤད་པ་ཡིན། དེའི་མཚམས་ལ་སྲུང་མ་བསྟེན་ཕྱོགས་སྐོར་ཟེར་ནས་ངས་མར་བཤད་པའི་སྐབས་སུ་<དགོན་པའི་འགན་ཁུར་མཁན་གཙོ་བོ་བློ་རྒྱ་དང་པོ་ལངས་ནས་ཕྱིན། དེའི་རྗེས་>གཅིག་རྗེས་གཉིས་མཐུད་བྱས་ནས་ཚང་མ་ལངས་ནས་ཕྱིན་པ་རེད། དེ་ནི་མ་ཉན་པ་རེད། དེ་ཡིན་པ་འདི་གར་རོང་པོའི་གྲྭ་རྒྱུན་ཡོད་པ་ཁ་ཤས་ཀྱིས་ཤེས་ཀྱི་ཡོད། ཁ་ཤས་ཀྱིས་མ་ཤེས་པ་ཡིན་ན་ཁ་སེང་འདི་བ་ལ་རྒན་ཞིག་གིས་<བསྟན་འཛིན་བློ་བཟང་གིས་བླ་རྒན་བློ་རྒྱ་ལ་>སྐད་ཆ་དྲིས་ནས་བླ་རྒན་དེས་<སྐུ་ཞབས་ཆོས་ལྡན་རིན་པོ་ཆེས་དེ་ལྟར་གསུངས་སོང་ཞེས་བཤད་པར། བསྟན་འཛིན་བློ་བཟང་གིས་འོ་ན་མཚམས་འཇོག་མི་བྱེད་པའི་རྒྱུ་མཚན་ཇི་ལྟར་ཡིན་ཞེས་དྲིས་པར། སྐྱབས་རྗེ་ཕ་བོང་ཁ་དང༌། ཁྲི་བྱང་རིན་པོ་ཆེའི་བཀའ་ལས་འདའ་བར་བྱེད་མ་ནུས་པར་ལངས་པ་ཡིན་པར་བཤད།>ཟེར་གྱིན་འདུག་ཟེར་ནས་འདི་བ་ལ་བཤད་མཁན་འདུག །གཞན་དག་བླ་རྒན་ཁ་ཤས་གྲོངས་ཚར་བ་རེད། ཁ་ཤས་བསྡད་ཡོད་པ་དེ་ཚོར་སྐད་ཆ་དྲིས་ནའང་འགྲིགས་པ་རེད། དེ་དུས་ང་ཚོས་ལབ་ནས་ཉན་རོགས་མ་བྱས་པ་རེད། དེའི་རྗེས་སུ་ན་ནིང་བོད་ཡིག་དྲྭ་རྒྱ་གསར་ཤོག་དེ་ཚོའི་ཐོག་ཏུ་ང་རང་དང་འབྲེལ་བ་ཡོད་མཁན་རྣམས་ཀྱིས་མཚམས་འཇོག་གནང་རོགས་གྱིས་ཟེར་ནས་ལོ་ངོ་གཅིག་ཙམ་སོང་བ་རེད། ཡིན་ན་ཡང་གསར་དུ་འདི་མཚམས་འཇོག་བྱས་སོང་ཞེས་པ་གོ་རྒྱུ་མི་འདུག་པས་སེམས་ཕམ་པོ་བྱུང༌། ད་ལྟ་ཡིན་ན་ཡང་ང་རང་ངོས་ནས་རྒྱལ་བ་རིན་པོ་ཆེའི་གསུང་བརྒྱུད་བསྒྲགས་བྱས་པ་ལ་བརྟེན་ནས་མཚམས་འཇོག་གནང་མཁན་གོང་དུ་ཞུས་པ་བཞིན་དགོན་པ་བཞི་པོ་དེ་ཚོ་མིན་པའི་མཚམས་འཇོག་བྱེད་མཁན་མང་པོ་ཡོང་གི་ཡོད་པ་དེ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལྟ་ཡང་མཁྲེགས་བཟུང་ཅན་ཡོད་པ་དེ་ཚོར་བསམ་རྣོ་ཡག་པོ་ཞིག་གཏོང་བ་ཡིན་ན། རྒྱལ་བ་རིན་པོ་ཆེ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་རེད། བོད་གངས་ཅན་པ་རྒྱལ་བ་རིན་པོ་ཆེའི་འདུལ་ཞིང་ཡིན་པར་བརྟེན། ཚེ་སྔོན་མའི་ལས་བཟང་པོ་ཞིག་ཡོད་པའི་སྟེང་ལ་རྒྱལ་བ་རིན་པོ་ཆེའི་གདུལ་བྱའི་ནང་དུ་གཏོགས་པ་པོར་སྐྱེ་བ་བླངས་པ་རེད། དེ་དང་མི་མཚུངས་པར་རྒྱལ་བ་རིན་པོ་ཆེའི་གསུང་དང་མི་མཐུན་པར་ཕྱི་ནང་སློག་པ་ཡིན་ན་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ནས་ལོགས་སུ་བུད་འགྲོ་གི་ཡོད། དེ་འདྲ་ཡིན་དུས་ཚེ་འདི་དང་སྐྱེ་བ་ཕྱི་མ་ཐམས་ཅད་ལ་གནོད་ཀྱི་རེད། དེ་ནོར་འཁྲུལ་ཆེན་པོ་བྱུང་བ་རེད། དེ་བཞིན་ད་ལྟ་དོལ་རྒྱལ་སྐོར་ལ་གདན་ས་སེ་འབྲས་དགའ་གསུམ་གྱིས་དོལ་རྒྱལ་བསྟེན་མཁན་རྣམས་ལ་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་བྱེད་གསུངས་པ་རེད། ང་རང་ཡང་དེ་བཞིན་གཅིག་པར་ཁས་ལེན་བྱས་པ་རེད། དེ་འདྲ་བྱས་ནས་ད་དུང་ཨུ་ཚུགས་བརྒྱབ་བསྡད་པ་ཡིན་ན་གདན་ས་སེ་འབྲས་དགའ་གསུམ་ལས་ལོགས་སུ་དོན་ཚར་བ་རེད། གདན་ས་སེ་འབྲས་དགའ་གསུམ་ལས་ལོགས་སུ་དོན་པ་ཡིན་ན་དགེ་ལུགས་པའི་ནང་ནས་བུད་པ་རེད། དགེ་ལུགས་པ་ཡོད་ན་མེད་ན་རྩ་བ་དགེ་ལུགས་པ་ཞེས་བྱེས་ས་དེ་གདན་ས་སེ་འབྲས་དགའ་གསུམ་ལ་བརྟེན་ནས་བྱུང་བ་རེད། དེ་ལ་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་བྱེད་པའི་ཁུངས་སུ་བསྡད་པ་ཡིན་ན་རང་ཉིད་དགེ་ལུགས་པའི་ནང་ནས་བུད་ཚར་བ་རེད། ད་དུང་དགེ་ལུགས་པའི་ལྟ་བ་འཛིན་གྱི་ཡོད་ཅེས་བཤད་ཀྱིན་ཡོད་པ་རེད་དེ། དོན་དུ་དགེ་ལུགས་པའི་གྲལ་ནས་བུད་ཚར་བ་རེད། ཧ་ཅང་བློ་ཕམ་པོ་རེད། དེ་འདྲ་ཡིན་དུས་མཚམས་འཇོག་མ་བྱས་མཁན་ཕྱོགས་གང་དུ་ཡོད་པ་དེ་དག་ང་དང་འབྲེལ་བ་ཡོད་མེད་ལ་མ་བལྟོས་པར་ཚང་མ་ལ་མཚམས་འཇོག་བྱེད་རོགས་གྱིས་ཞེས་ཞུ་རྒྱུ་ཡིན། མཚམས་འཇོག་བྱེད་མཁན་གྱི་རིགས་སྤྱི་དང་ཁྱད་པར་དུ་ང་རང་གིས་དེ་ལྟར་ཞུས་པའི་སྐབས་ལ་དགོན་པ་བཞིས་བྱས་པ། དེ་ཚོ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་རྒྱུ་ཡིན།

རྩོམ་སྒྲིག་པའི་ལས་གཞི་ངོ་སྤྲོད།

རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་གྱུར་པ་གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན། གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག རྒྱས་པར་གཟིགས་་་

དྲ་འབྲེལ་བྱེད་སྒོ་ཁག་དང་བདག་དབང་སྐོར།

ཉེར་གཅིག་བརྡ་འཕྲིན་གསར་པའི་དུས་རབས་འདིར་སྐུ་ཉིད་ཀྱི་ཐུགས་འདོད་ལྟར་གཞུང་ཆེན་ཁག་གི་བཀའ་ཁྲིད་ཀྱི་གསུང་འཁོར་དང་། ལྗགས་རྩོམ་གྱི་དཔེ་དེབ་ཁག །ལྗགས་རྩོམ་གྱི་འདོན་ཆོག་ཁག །དབང་ལུང་མན་ངག་གི་གདམས་ངག་ཟབ་མོའི་སྒྲ་བརྙན་ རྒྱས་པར་གཟིགས་་་

འབྲེལ་གཏུགས།  |  ང་ཚོའི་སྐོར།  |  གསར་བཤད།

Choden Rinpoche Labrang, House No 4,
Lhopa Khangtseen, Sera Jey Monastery,
P.O. Byalkuppe-571104, Dist Mysore (K.S),

Mobile:   +91 - 9686738811 & +91 - 9880388806
Email:   h.e.chodenrinpoche@gmail.com