མཛད་རྣམ་བྱེ་བྲག་པ།

༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་མཛད་རྣམ།

༄༅། །གནས་ལྔ་རིག་པའི་དབང་ཕྱུག་མཧཱ་པཎྜི་ཏ་ཆེན་པོ་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་དཔལ་བཟང་པོ་མཆོག་ནི། གངས་རིའི་ར་བས་བསྐོར་བའི་ལྗོངས་ཆེན་པོའི་བར་ཁམས་ཁུལ་ཆུ་བཞི་སྒང་དྲུག་གི་ནང་ཚན་རྔུལ་རྫ་ཟལ་མོ་སྒང་གི་ཁོངས་གཏོགས་རྡ་ཧེ་ཞེས་པའི་ས་ཡི་ཐིག་ལེར་བེ་ཅོན་གྱི་དཔོན་རྒྱུད་དུ་སྐུ་འཁྲུངས། སྐུ་མཆེད་བདུན་གྱི་ནང་ནས་དྲུག་རབ་བྱུང་ཡིན་ལ། དེ་དག་ཐམས་ཅད་མཁས་བཙུན་བཟང་གསུམ་མངའ་བ་ཤ་སྟག་ཡིན།

ཆུང་ངུ་ནས་བློ་རྩེ་རྣོ་ཞིང་སྐྱེས་ཐོབ་ཀྱི་ཤེས་རབ་ཆེ། སྐུ་གཞོན་དུས་མཆོག་གི་རྟགས་མཚན་བཟང་པོ་ཤར་བས་ར་སྒྲེང་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོས་ཆོས་ལྡན་སྐུ་ཕྲེང་དང་པོའི་ཡང་སྲིད་དུ་ངོས་འཛིན་གནང༌། ཁོང་ཉིད་སྐུ་ན་ཆུང་ངུའི་དུས་ཚོགས་སུ་གནས་བརྟན་བཅུ་དྲུག་ཚར་གཅིག་གསུངས་པ་ཙམ་གྱིས་དབུ་ནས་མར་ངག་སྐྱོར་གནང་ཐུབ་པ་མ་ཟད། མཇུག་ནས་ཡར་ལའང་ཐུགས་ཐོག་གསལ་པོར་འཁྲུངས་པའི་ཚུལ་འདི་ལ་བརྟེན་ནས་གནས་བརྟན་བཅུ་དྲུག་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཟབ་མོ་མངའ་བ་དཔོག་ནུས། ཁོང་གི་སྐུ་ཕྲེང་གོང་མ་ནི་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་འོས་གཞིར་ཕེབས་པ་དང༌། སྐྱེས་མཆོག་ཁྱད་འཕགས་ཏུ་མངའ་གསོལ་བྱུང་སྟེ་མཁས་དང་གྲུབ་པའི་མཛད་ཕྲིན་རྒྱས་པ་ཞིག་བྱུང་ཡོད།

ཁོང་དགུང་ལོ་བདུན་པར་༧སྐྱབས་རྗེ་ཕ་བོང་ཁ་པའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་༧སྐྱབས་རྗེ་རིན་པོ་ཆེས། ཁྱེད་ཀྱི་མཚན་ནི་ངས་དགའ་ལྡན་གསེར་གདུང་ཆེན་མོ་ནས་རྙེད་བྱུང༌། ཞེས་གསུངས་ཏེ་མཚན་ཡང་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་ཅེས་སྩལ་གནང་མཛད་པ་ནས་བཟུང༌། བསླབ་ཁྲིམས་རྣམས་མིག་འབྲས་བཞིན་བསྲུང་བར་མཛད།

དགུང་ལོ་ ༡༦ ཐོག་དབུས་སུ་ཕེབས་ཏེ་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་གནང་ནས་བགྲང་བྱ་ཉི་ཤུ་ཙམ་གྱི་རིང་གཞུང་ཆེན་བཀའ་པོད་ལྔར་གུས་རྟག་སྦྱོར་བས་གསན་བསམ་མཐར་ཕྱིན་གནང་བ་མ་ཟད། སྐབས་དེ་དུས་༧སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་དང༌། ༧སྐྱབས་རྗེ་ཕ་བོང་ཁ་པ་རྣམ་གཉིས་གཙོས་མཁས་གྲུབ་དུ་མའི་དངོས་སློབ་ཏུ་གྱུར་ཏེ་དེ་དག་གི་དྲུང་ནས་དབང་ལུང་མན་ངག་དང༌། གདམས་ཟབ་སྙན་བརྒྱུད་རྒྱས་ཚང་གནད་དུ་སྨིན་པ་ཞུས་ཏེ་ཐུགས་ཉམས་སུ་བསྟར།

དེ་དང་ཆབས་ཅིག་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱི་དངོས་སློབ་གྲ་ཡབ་རྫོང་གསར་བཤད་གྲྭའི་མཁན་པོ་བློ་བཟང་རྒྱལ་མཚན་གྱི་དྲུང་ནས་བོད་ཀྱི་བརྡ་སྤྲོད་རིག་པ་དང༌། སྙན་ངག སྡེབས་སྦྱོར། ལེགས་སྦྱར་གྱི་སྒྲ་གཞུང༌། སྐར་རྩིས་བཅས་ཐུན་མོང་རིག་གནས་སྐོར་ལའང་གསན་བསམ་མཐར་སོན་གནང་སྟེ་སྙན་ངག་གི་ལྗགས་རྩོམ་དགེ་རྒན་ལ་གཟིགས་འབུལ་གནང་སྐབས་ཚད་མཐོའི་བསྔགས་བརྗོད་ཕུལ་བ་སོགས་ཀྱིས་མཚོན་གནས་ལྔ་རིག་པའི་པཎ་ཊི་ཏ་ཆེན་པོར་གྱུར། ༧གོང་ས་མཆོག་མཚན་རྟགས་བཞེས་གནང་མཛད་སྐབས་གདན་སའི་ནང་ཕྱག་དཔེ་མཁས་གྲས་རྣམས་ཀྱིས་རྟགས་གསལ་འབུལ་དགོས་པས་དེའི་གྲས་སུ་ཕེབས་ནས་རྟགས་གསལ་ཡང་ཕུལ་བར་མཛད།

དེ་རྗེས་ཀླ་ཀློའི་གདུག་རྩུབ་མི་བཟད་པས་གངས་ལྗོངས་སྣོད་བཅུད་ཉམས་ཉེས་བྱུང་བའི་སྐབས། གུང་ཁྲན་གྱིས་མི་དམངས་བཤུ་གཞོག་ཀྱི་འཚོ་བར་མ་བརྟེན་པའི་ཆོས་ཀྱི་བྱེད་སྒོ་རིགས་བཀག་འགོག་མེད་པའི་བསླུ་བྲིད་སྤེལ་བར། རིན་པོ་ཆེས་གསན་བསམ་བྱས་པའི་སྙིང་པོ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་ནས་ཚེ་དང་སྒྲུབ་པ་མཉམ་པར་གནང་བཞེད་སྔར་ནས་ཡོད་པ་བཞིན་བཅུད་ལེན་གྱི་གདམས་ངག་ཞུས་ཏེ་རི་ཁྲོད་དུ་བཞུགས་རྐྱང་གནང་རྒྱུའི་ཐུགས་ཐག་བཅད་ནས་ཟླ་བ་གསུམ་གྱི་རིང་ཁམས་ཀྱི་ཟས་ལ་མ་བརྟེན་པར་རི་ཁྲོད་དུ་ཕེབས་ནས་མེ་ཏོག་བཅུད་ལེན་ཁོ་ནར་བཞུགས་པས། དེ་སྐབས་ཐུགས་རིག་གསལ་པོ་དང༌། དགེ་སྦྱོར་དང༌། ཉམས་ལེན་ཤིན་ཏུ་འཕེལ་པོ་བྱུང་ཡོད་པར་ཞལ་ལས་དངོས་སུ་གསུངས།

མེ་ཏོག་བཅུད་ལེན་ཞེས་པ་ནི། མི་ཡི་ཁམ་ཟས་རགས་པ་ཡོངས་སུ་སྤངས་ཏེ་ཉིན་རེར་མེ་ཏོག་ལས་བཟོས་པའི་རིལ་བུ་རེ་བཞེས་ནས་བཞུགས་པ་ལ་ཟེར། དེ་ནས་གཞུང་གིས་བཅུད་ལེན་གྱི་མཛད་སྤྱོད་དེ་ལྟ་བུ་ནི། རྒྱ་གཞུང་ལ་སྨད་པའི་བྱ་ངན་ཡིན་ཚུལ་བསྒྲགས་ནས་དེ་མུར་བཞུགས་སུ་མ་བཅུག་པས། ལྷ་སར་སྦྱིན་བདག་ཅིག་གི་ཁྱིམ་དུ་གནས་སྤོས་གནང་དགོས་བྱུང༌། རིག་གནས་གསར་བརྗེ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་དེ་ནི། དྲག་ཞན་ཀུན་མི་དགེ་བ་དང༌། སྡུག་བསྔལ་མི་བཟད་པ་ལ་ལོངས་སུ་སྤྱོད་དགོས་པའི་ཆེས་མུན་ནག་གི་དུས་སྐབས་ཡ་ང་བ་ཞིག་ཡིན་ནའང༌། སྐབས་དེར་རིན་པོ་ཆེ་ལམ་རིམ་བློ་སྦྱོང་དང་གསང་བདེ་འཇིགས་གསུམ་གྱི་བསྙེན་ཆེན་སྐྱེལ་གནང་མཛད་པ་སོགས་ཀྱིས་སྔར་གསན་བསམ་ཇི་སྙེད་མཛད་པ་ཐམས་ཅད་གནད་ལ་ཕིགས་པའི་ཉམས་ལེན་རྩེ་གཅིག་ཏུ་བསྐྱངས་ཏེ་བགྲང་བྱ་ཉི་ཤུ་ལྷག་ཙམ་གྱི་རིང་ཞབས་ལ་ཚབས་ཆེའི་བསྙུན་གཞི་ཡོད་པའི་ཟོལ་གྱིས་སྐུ་མཚམས་དམ་པོར་བཞུགས་ནས་སྒོ་ཐེམ་ཕན་བརྒལ་བར་མ་མཛད་ཅིང་ཆབ་གསང་ཡང་མི་གཞན་གྱིས་སྒོར་འཕུད་དེ་བཞུགས་པར་མཛད། རྗེས་སུ་གུ་ཡངས་ཅུང་ཕྱིན་དུས་སྒོར་ཕེབས་ཐོན་གནང་སྐབས་ཞབས་འགྲོས་ཀྱང་ཁྱར་ཁྱོར་ཙམ་ལས་ཕེབས་ཐུབ་ཀྱི་མེད་ལ། ཞལ་ར་དང་ཨོག་ཚར་སོགས་ཤིན་ཏུ་རིང་པོ་ཆགས་ཡོད་འདུག

ཕྱིས་སུ་ ༡༩༨༠ ནང་སྐོར་གུ་ཡངས་ཅུང་བྱུང་སྐབས་རྒྱ་མིའི་དཔོན་རིགས་ཁག་གཅིག་དང༌། ཁོང་གི་ཆོས་གྲོགས་གནད་ཡོད་མི་སྣ་འཕགས་པ་ལྷ་དང༌། རྭ་སྒྲེང་རིན་པོ་ཆེ། རི་འབུར་སྤྲུལ་སྐུ་བཅས་ཀྱི་བརྒྱུད་ནས་རྒྱ་གཞུང་གི་ལས་ཁུངས་ཆབ་སྲིད་གྲོས་ཚོགས་དང༌། རིག་གཞུང་ལྷན་ཁང་ཁག་ལ་འཛུལ་ཞུགས་གནང་དགོས་པའི་འབོད་སྐུལ་ཞུས་ཀྱང༌། རིན་པོ་ཆེས་ཕྱག་ལས་དེ་གནང་དགོས་བྱུང་ན་༧གོང་ས་མཆོག་སོགས་རང་གི་རྩ་བའི་བླ་མ་ལ་ཁ་གཏོང་དང་རྒྱབ་གཏོད་བྱེད་དགོས་ཡོང་བར་གཟིགས་ནས་ཕྱག་ལས་དེར་ཞལ་བཞེས་གནང་ཐུབ་མི་འདུག །ཆོས་དད་གུ་ཡངས་ཅུང་ཐོབ་རྗེས་ལོ་ལྔའི་རིང་ལ་བོད་དུ་བཅུད་ལྡན་གྱི་སློབ་ཚོགས་མཐའ་ཡས་པ་ལ་དབང་ལུང་མན་ངག་ཞལ་གདམས་རྗེས་གནང་སོགས་ཀྱི་བཀའ་དྲིན་བླ་ན་མཐོ་བར་སྩལ།

༡༩༨༥ ལོར་རིན་པོ་ཆེ་ཉིད་ཀྱིས་རིང་ནས་ཐུགས་ལ་བརྣགས་པའི་བཞེད་དགོངས་གཅིག་པུ་༧གོང་ས་མཆོག་དང་མཇལ་བཅར་ཆེད་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ཏེ་༧གོང་ས་མཆོག་དང་མཇལ་འཕྲད་གནང་སྐབས་བཅོམ་ལྡན་ཐུབ་པའི་དབང་པོའི་གསེར་ཞལ་མཇལ་བ་དང་མི་གཉིས་པའི་དགའ་དད་སྤྲོ་གསུམ་གྱིས་ཐུགས་རྒྱུད་ཡོངས་སུ་གང་བར་གནང༌། ༧གོང་ས་མཆོག་ནས་བཀའ་ཕེབས་དོན། ད་ཆ་རྒྱལ་བསྟན་ཉག་ཕྲའི་གནས་སྐབས་འདི་ལྟ་བུར་སྐུ་ཉིད་ཕྱིར་བོད་དུ་ཕེབས་པ་མི་གནང་བར། དེ་སྔོན་གསན་བསམ་ཉམས་བཞེས་གནང་བ་རྣམས་གཙོ་བོ་གདན་ས་དང༌། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཆད་སྤེལ་གྱིས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་མཛད་དགོས་སྐོར་བཀའ་གསུང་ནན་མོ་ཕེབས་པར་བརྟེན། རིན་པོ་ཆེ་ཁོང་ཉིད་ཡབ་གཞིས་གངས་ལྗོངས་སུ་ཕེབས་རྒྱུའི་ཐུགས་འདུན་རིང་དུ་དོར་བར་མཛད།

དེ་ནས་ད་ལྟའི་བར་བགྲང་བྱ་ཉི་ཤུ་ཙམ་གྱི་རིང༌། ༧གོང་ས་མཆོག་གི་བཀའ་གསུང་ཟབ་མོ་ཐུགས་དབུས་སུ་བཅངས་ནས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་བཞུགས་ནས་བླ་སྤྲུལ་དགེ་བཤེས་རྣམ་པ་དང༌། དགེ་འདུན་སྟོང་ཕྲག་ཙམ་ལ་གཞུང་ཆེན་བཀའ་པོད་ལྔ་གཙོ་བོར་གྱུར་པའི་དབང་ལུང་མན་ངག་ཟབ་ཁྲིད་སོགས་ཀྱིས་གདུལ་བྱའི་རེ་འདོད་ཡོངས་སུ་བསྐངས་པར་གནང་བ་མ་ཟད། འཕགས་མཆོག་ཕྱག་ན་པད་མོ་༧སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་དྲུང་ནས་དབང་ལུང་མན་ངག་གསན་བཞེས་རྒྱ་ཆེར་གནང་དང་གནང་བཞིན་པ་ནི་སྐོམ་པ་ཆུ་འདོད་ལྟ་བུའི་ངང་ཚུལ་འཛིན་པར་མཛད། གཞན་ཡང་བླ་སྤྲུལ་དང༌། དགེ་བཤེས་མང་པོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གདན་ཞུས་དང་འབྲེལ་སྔར་གསན་བསམ་དང༌། ཉམས་བཞེས་གནང་བ་རྣམས་ཐུགས་བརྩེ་ཆེན་པོས་གང་ལ་གང་འདུལ་གྱི་གདུལ་བྱར་འཆད་སྤེལ་བཀའ་དྲིན་སྩོལ་གནང་མཛད་དང་མཛད་བཞིན་བཞུགས། རིན་པོ་ཆེ་གཞུང་བཀའ་པོད་ལྔ་དང༌། བོད་ཀྱི་རིག་གནས་ཆེ་ཆུང་ཀུན་ལ་མཁས་པ་མ་ཟད། ལྷག་ཏུ་འདུལ་བའི་གཞུང་ལུགས་ལ་ཤིན་ཏུ་མཁས་ཤིང༌། སྡོམ་ཁྲིམས་རྣམས་མིག་གི་འབྲས་བུ་ལྟར་གཅེས་པར་བསྲུང་བའི་ཉམས་བཞེས་བདག་གིར་མཛད་ཅིང་ཐུགས་རྒྱུད་ལ་འབྱོངས་པས་རྒྱ་བོད་ཧོར་སོག་དང༌། ཕྱི་རྒྱལ་ཡུལ་གྲུ་ཁག་རྣམས་སུ་ད་ཕན་དགེ་སློང་དང༌། དགེ་ཚུལ་གྲངས་སྟོང་ཕྲག་ཙམ་བསྒྲུབས་གནང་བས་མཚོན་གདུལ་བྱ་རྣམས་སོ་སོར་ཐར་པའི་ལམ་དུ་འཛུད་པར་མཛད་པའི་བཀའ་དྲིན་སྩོལ་བར་གནང༌།

མདོར་ན་རིན་པོ་ཆེ་མཆོག་ནི། ཐོག་མར་བོད་དུ་གདན་སར་གཞུང་ཆེན་ཁག་དང༌། རིག་པའི་གནས་ལ་བགྲང་བྱ་ཉི་ཤུ་ལྷག་གསན་བསམ་གནང་ཞིང༌། དུས་འགྱུར་སྐབས་ལོ་ངོ་ཉི་ཤུ་ཙམ་ལ་སྔར་གསན་བསམ་གནང་བ་རྣམས་ཉམས་བཞེས་ཡང་དག་པར་བསྐྱངས། དེ་ནས་ད་ལྟའི་བར་བགྲང་བྱ་ཉི་ཤུ་ལྷག་གི་རིང་གཞན་ལ་འཆད་སྤེལ་གྱིས་མཚོན་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཟླ་མེད་པ་གནང་བཞིན་བཞུགས་པ་ནི་བསྟན་འགྲོའི་དཔལ་དུ་ཆེ་ཞིང༌། མཁས་བཙུན་བཟང་གསུམ་གྱི་སྐུ་ཡི་ལྗོན་བཟང་ལ་ལུང་རྟོགས་ཡོན་ཏན་གྱི་ཡལ་འདབ་ཀུན་ནས་ཕྱུག་པའི་སྐྱེས་མཆོག་འདི་ལྟ་བུ་ནི། དེང་གི་དུས་སུ་སྤྱིར་སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་བསྟན་འཛིན་གྱི་དབུས་ན་མངོན་པར་མཐོ་ཞིང༌། བྱེ་བྲག་ཏུ་རི་བོ་དགེ་ལྡན་པའི་སྐྱེས་ཆེན་རྣམས་ཀྱི་ནང་ནས་ཕུལ་དུ་བྱུང་བའི་གཟི་བརྗིད་ཀྱི་མཚན་སྙན་ཤར་ནུབ་ཡུལ་གྲུ་ཀུན་ཏུ་ཆེས་ཆེར་འཕེལ་བཞིན་རྒྱས། ༢༠༡༥ ལོར་སྐུ་ཁམས་ཅུང་མི་བདེ་བས་ཚུལ་དང་བཅས་ཐུགས་དགྱེས་ཚོར་ཆེན་པོས་༧གོང་ས་མཆོག་དང་མཇལ་འཕྲད་གནང་ཞིང་སྔར་བྱས་ཀྱི་དགེ་བ་ཅི་མཆིས་པ་ཐམས་ཅད་༧གོང་ས་མཆོག་གི་སྐུ་ཚེ་བརྟན་པ་དང་མཛད་འཕྲིན་རྒྱས་པའི་ཆེད་དུ་བསྔོ་སྨོན་ཤུགས་དྲག་དང་བཅས་ཞུ་གནང་མཛད་པས། གོང་ས་མཆོག་གིས་ཀྱང་ཐུགས་སྨོན་མཚམས་སྦྱོར་དང་བཅས་མཇལ་ཁ་གྲུབ་ནས་མི་རིང་བར་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་ཆབ་ཞུགས་ཀྱི་གུང་གསེང་དབུ་ཚུགས་པ་དང་དུས་མཉམ་པར་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་ཚུལ་མཛད།

སྐབས་དེ་སློབ་མ་རྣམས་ཀྱི་མྱ་ངན་གུས་འདུད་དང་བཅས་དགོངས་རྫོགས་ཀྱི་མཆོད་འབུལ་རྒྱ་ཆེར་མཛད་པ་བཅས་རྣམ་ཐར་མདོར་ཙམ་མོ།། །།

རྩོམ་སྒྲིག་པའི་ལས་གཞི་ངོ་སྤྲོད།

རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོར་གྱུར་པ་གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ཡོངས་སུ་སྨོས་ན། གནས་ལྔ་རིག་པའི་དབང་ཕྱུག་༧སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག རྒྱས་པར་གཟིགས་་་

དྲ་འབྲེལ་བྱེད་སྒོ་ཁག་དང་བདག་དབང་སྐོར།

ཉེར་གཅིག་བརྡ་འཕྲིན་གསར་པའི་དུས་རབས་འདིར་སྐུ་ཉིད་ཀྱི་ཐུགས་འདོད་ལྟར་གཞུང་ཆེན་ཁག་གི་བཀའ་ཁྲིད་ཀྱི་གསུང་འཁོར་དང་། ལྗགས་རྩོམ་གྱི་དཔེ་དེབ་ཁག །ལྗགས་རྩོམ་གྱི་འདོན་ཆོག་ཁག །དབང་ལུང་མན་ངག་གི་གདམས་ངག་ཟབ་མོའི་སྒྲ་བརྙན་ རྒྱས་པར་གཟིགས་་་

འབྲེལ་གཏུགས།  |  ང་ཚོའི་སྐོར།  |  གསར་བཤད།

Choden Rinpoche Labrang, House No 4,
Lhopa Khangtseen, Sera Jey Monastery,
P.O. Byalkuppe-571104, Dist Mysore (K.S),

Mobile:   +91 - 9686738811 & +91 - 9880388806
Email:   h.e.chodenrinpoche@gmail.com